རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས།

དམིགས་དོན་འགྲེལ་བརྗོད།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ཀྱི་རྩ་འཛིན་ཁག་ལ་བརྩི་སྲུང་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་མིའི་སྒྲིག་འཛུགས་བཅས་ནས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཤར་བསྐྱོད་བྱེད་བཞིན་པར་བརྩི་སྲུང་ཐོག་བོད་རྒྱའི་དཀའ་རྙོག་གང་མགྱོགས་སེལ་ཏེ། རྒྱའི་དབང་བསྒྱུར་འཚམས་འཇོག་ཡོང་རྒྱུར་ (བོད་ལ་རང་དབང་ཐོབ་རྒྱུར་) འབད་བརྩོན་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད།

དམིགས་ཡུལ་དང་། ལས་དོན་ཁག

རྒྱལ་སྤྱིའི་སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་འབྲེལ་མཐུད་ལྷན་ཚོགས་འདིས། ལྷན་ཚོགས་ཀྱི་བསྒྲུབ་བྱའི་དམིགས་ཡུལ་བསྒྲུབ་རྒྱུར་ཚོགས་མི་ནང་ཁུལ་མཉམ་རུབ་དང་། མཉམ་ལས་བྱ་རྒྱུའི་ཐོག་རམ་འདེགས་ཞུ་ཡི་ཡོད། ལྷག་པར་དུ། འདིས། གཤམ་གྱི་གནད་དོན་ཁག་ལ་འབད་བརྩོན་ཞུ་ཡི་ཡོད།

  • རྒྱ་ནག་དམར་གཞུང་གིས་བོད་ནང་སྤྱི་དམངས་དང་། ཆབ་སྲིད། རིག་གཞུང། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཐོབ་ཐང་འཕྲོག་པ་སོགས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་སྲིད་བྱུས་དང་། བྱ་སྤྱོད་རྣམས་ལ་འགན་ཁུར་ལྡན་པ་བཟོ་རྒྱུ།
  • རྒྱ་ནག་དམར་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་ཀྱིས་བོད་ས་དབང་བསྒྱུར་བྱས་པ་དང་། བོད་མི་རྣམས་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་ཡོད་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་འགན་ཁུར་དགོས་པ་བཟོ་རྒྱུ།
  • བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བསྐོ་གཞག་གནང་ཕྱོགས་དང་། ཁོང་རྣམ་པའི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་དང་གནང་སྒོ་ཁག་ལ་ཐེ་བྱུས་བྱས་ཚེ། དེའི་འགན་ཡོངས་རྫོགས་རྒྱ་ནག་དམར་གཞུང་ནས་ཁུར་དགོས་པ་བཟོ་རྒྱུ།
  • རྒྱལ་སྤྱིའི་གྲོས་ཚོགས་དང་། སྲིད་གཞུང་ཁག་གིས་བོད་མི་རྣམས་ཀྱི་ཆོས་དད་རང་དབང་དང་། དེ་བཞིན་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ། མ་འོངས་པའི་མདུན་ལམ་ཐག་གཅོད་བྱ་རྒྱུ་སོགས་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་འཛིན་པའི་སྲིད་བྱུས་ཁག་གོང་སྤེལ་གཏོང་རྒྱུ།
  • བོད་སར་དབང་བསྒྱུར་མཚམས་འཇོག་ཡོང་ཐབས་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་འཛིན་པའི་སྲིད་བྱུས་དང་། ལས་དོན་སྒྲུབ་བཞིན་པ་རྣམས་གོང་སྤེལ་གཏོང་རྒྱུ།
  • རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་དང་། བོད་མིའི་གནད་དོན། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐོག་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བསྐུར་བའི་འགན་འཁྲི་དང་འགལ་བའི་སྲིད་བྱུས་དང་། བྱ་སྤྱོད་སྤེལ་བ་ཁག་ལ་འགན་ཁུར་དགོས་པ་བཟོ་རྒྱུ།
  • རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་འདུན་པ་དང་། དེ་བཞིན་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་རྒྱུར་ཤུགས་རྐྱེན་ངན་པ་ཡོང་རྒྱུའི་སྲིད་བྱུས་དང་། བྱ་སྤྱོད་ལ་འགན་ཁུར་དགོས་པ་བཟོ་རྒྱུ།
  • གོང་དུ་འཁོད་པའི་དམིགས་དོན་འགྲེལ་བརྗོད་དང་། དམིགས་ཡུལ་ཁག་གཞིར་བཟུང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ལམ་སྟོན་དང་། མཐུན་འགྱུར་ཞུ་རྒྱུ།

ཚོགས་ཆུང་ལྟེ་བ་ (Core Group) དང་། དྲུང་ཆེ་ལྷན་ཁང་། or  ལས་ཁུངས། (Secretariat)

ཚོགས་ཆུང་ལྟེ་བ་དེས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་མཉམ་རུབ་ཞུས་པའི་ཐོག རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་ལས་ཁུངས་ or དྲུང་ཆེ་ལྷན་ཁང་ནས་ལྷན་ཚོགས་ཀྱི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱལ་སྤྱིའི་ནང་ལས་དོན་སྤེལ་རྒྱུར་སེམས་ཤུགས་སྤར་རྒྱུ་དང་། དེ་བཞིན་ལས་དོན་འབྲེལ་མཐུད་ཡོང་རྒྱུ་བཅས་ལ་མཐུན་འགྱུར་ཞུ་ཡི་ཡོད།ཚོགས་ཆུང་ལྟེ་བ་འདིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ནས་ལས་དོན་གང་སྤེལ་བ་དང་། གྲུབ་འབྲས་གང་ཐོན་པ། དེ་བཞིན་གདོང་ལེན་བྱ་དགོས་གང་བྱུང་བའི་སྙན་ཐོ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་མ་འཚོགས་པའི་ཟླ་བ་གསུམ་གྱི་གོང་དུ་ཡིག་ཐོག་ཕབ་སྟེ། ཚོགས་ཆེན་ཐོག་སྙན་ཐོ་སྙན་སྒྲོན་དང་། དེའི་ཐོག་དགོངས་ཚུལ་ཡོད་རིགས་བསྡུ་ལེན་བྱ་རྒྱུ།བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་ལས་ཁུངས་ཀྱི་ (Or) དྲུང་ཆེའི་ལྷན་ཁང་གི་འགན་ཁུར་ཞུས་ཏེ། ལྷན་ཚོགས་ཀྱི་འཐུས་མི་རྣམས་གོ་རྟོགས་ཡོད་པ་བཟོ་རྒྱུ་དང་། དེ་བཞིན་ལས་དོན་ཐོག་འབྲེལ་མཐུད་གནང་རྒྱུ་དང་། ཚོགས་ཆུང་ལྟེ་བའི་ལས་དོན་ཁག་ལ་མཐུན་འགྱུར་ཞུ་རྒྱུ།